当事務所について

ཉི་འོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་རྗེ་ཆེ་ཞུའི་བརྡ་འཕྲིན།

Print Friendly, PDF & Email
བོད་དོན་ལས་འགུལ་ཆེད་རྒྱབ་སྐྱོར་གནང་མཁན་ཡོངས་ལ།

ཉི་འོང་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཕྲན་ལུང་རྟོགས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༥ ནས་གུས་པའི་ཉི་འོང་དོན་གཅོད་ཀྱི་ལས་འགན་ནས་རྒྱ་གར་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་སུ་གནས་སྤོས་གནང་འདུག།

གུས་པས་ལས་ཡུན་ལོ་ངོ་དྲུག་གི་རིང་གཙོ་ཆེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་ཞུ་མཁན་རྣམས་པ་དང་། དེ་བཞིན་གཉན་ཕྲང་ཅན་གྱི་བོད་ཀྱི་གནས་སྟངས་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སེམས་ཐག་ཉེ་བའི་ཐོག་ནས་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་ཡིན།

ལྷག་པར་དུ་རིན་ཐང་བྲལ་བའི་དྭངས་བླང་བ་རྣམས་ཀྱི་བསམ་ཤེས་དང་རོགས་སྐྱོར་ལ་བརྟེན་ཉི་འོང་དུ་༸གོང་ས་མཆོག་ཞབས་སོར་འཁོད་ཐུབ་པ་དང་། གལ་ཆེའི་བོད་དོན་ཡིག་ཆ་ཁག་གསུང་འགྱུར། དོན་གཅོད་ཁང་གི་དྲྭ་རྒྱ་རྒྱུན་ཐུབ། ལས་ཁུངས་ཀྱི་གསར་འཕྲིན་བཅས་དུས་ཐོག་འདོན་ཐུབ་པ་སོགས་ལ་རྒྱབ་སྐྱོར་ཚད་ཐོ་གནང་བའི་འབྲས་བུར་དོན་དམ་གྱི་སྒྲུབ་འབྲས་བྱུང་ཡོད་པས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

ཕྲན་རང་ཐོག་མ་ཕྱི་ལོ་ ༡༩༨༠ ལོར་ (成田山新勝寺Naritasan Shinshoji Temple) དགོན་པའི་སློབ་ཕྲུག་ཚུལ་དུ་ཉི་འོང་དུ་དམིགས་བསལ་སློབ་སྦྱོང་ཆེད་འབྱོར། རིམ་གྱི་གུས་པས་རང་སྲུང་དྲག་རྩལ་ཀ་ར་ཌེ་(Karate)དང་འཇུ་ཌོ་(Judo)བཅས་སྦྱང་སྟེ་སྐ་རགས་ནག་པོ་(Black Belt)འཐོབ་པ་དང་། དེ་བཞིན་ཉི་འོང་གི་རིག་གཞུང་ཁག་ལ་སྦྱང་བརྩོན་བྱས།

དེ་ནས་ཕྱི་ལོ་ ༡༩༨༨ ལོར་ Takushoku University(拓殖大学) མཐོ་སློབ་ཏུ་འཛུལ་བཞུགས་ཀྱིས་གཙུག་ལག་སློབ་ཐོན་དང་སློབ་དཔོན་གྱི་གནས་ཚད་ཐོབ། སློབ་སྦྱོང་ཚར་རྗེས་རྒྱ་གར་དུ་ཕྱིར་ལོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བདེ་སྲུང་ཆིབས་ཞབས་དུ་རྒྱ་གར་ས་གནས་གང་སར་ཕྱི་ལོ་ ༡༩༩༦ ནས་ ༢༠༠༢ བར་ཞབས་ཕྱི་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་། སྐབས་དེ་དུས་སྐུ་སྲུང་བའི་རང་སྲུང་དྲག་རྩལ་སློབ་སྦྱོང་གི་ལམ་སྟོན་པའི་ལས་འགན་ཡང་ཞུས། མཐར་ཉི་འོང་ Teikoku Security Company(帝国警備会社) རོགས་སྐྱོར་ཐོག་འཇུ་ཌོ་སློབ་སྦྱོང་བྱ་སའི་ལྟེ་གནས་ཁང་གསར་འཛུགས་ཞུས། དེའི་ཆེད་ཉི་འོང་ནས་སྦྱོང་ལྟར་གནང་སའི་གདན་ ༤༨(Tatami) ཙམ་འབྱོར་ཏེ་རྒྱ་གར་ནང་ཉི་འོང་འཇུ་ཌོ་སྦྱོར་ལྟར་གི་བལྟེ་གནས་ཁང་(Judo Hall)ཐོག་མ་དེ་འཛུགས་པ་བཞིན་ད་ལྟ་ཡང་སྦྱོང་བརྡར་གནང་ཡུལ་ཆགས་ཡོད།

རྡ་སར་བསྡད་ཡུན་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་ཞབས་མཉམ་བདེ་སྲུང་གི་ལས་འགན་ཐོག་ནས་ཕྱི་ལོ་ ༡༩༩༨ དང་ ༢༠༠༠ ལོ་གཉིས་སུ་སྐུ་བཅར་ཞུ་རྒྱུའི་གོ་སྐབས་བྱུང་བར་བོད་མི་ཞིག་ཡིན་པའི་ཆ་ནས་སྤྲོ་བ་དང་སྤོབས་པ་ཆེན་པོ་བྱུང་།

ཕྱི་ལོ་ ༢༠༠༢ ལོར་གུས་རང་ཉི་འོང་དོན་གཅོད་ཁང་གི་རིག་གཞུང་ཚན་པའི་ལས་བྱེད་དུ་བསྐོ་བཞག་གནང་ཏེ་དོན་གཅོད་རིམ་བྱོན་གསུམ་གྱི་དུས་ཡུན་ནང་ཞབས་འདེགས་ཞུས།

ཕྱི་ལོ་ ༢༠༡༣ ལོར་སླར་ཡང་རྡ་སོར་རང་གཞུང་གི་བདེ་སྲུང་ལས་ཁུངས་ནང་གནས་སྤོས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྲུང་ལས་བྱེད་ཀྱི་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་། ཕྱི་ལོ་ ༢༠༡༣ ཟླ་༡༡ དང་ ༢༠༡༤ ཟླ་༤ བཅས་ལ་སྤོབ་པ་ཆེན་པོའི་སྒོ་ནས་༸གོང་ས་མཆོག་གི་ཉི་འོང་དུ་ཆིབས་བསྒྱུར་གྱི་གྲ་སྒྲིག་ཞུ་ཆེད་སྐབས་དེ་དུས་ཀྱི་དོན་གཅོད་མཆོག་ལ་ཕྱག་རོགས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་།

ཕྱི་ལོ་ ༢༠༡༤ ཟླ་༦ ལོར་རང་གཞུང་ནས་ཕྲན་རང་ཉི་འོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་སོང་ན་ཡང་། གུས་པར་རང་བཞིན་གྱི་འགན་ཆེན་པོ་ཡོད་སྟབས་སེམས་ཚབས་ཆེན་པོ་བྱུང་། ཡིནའང་འདས་པའི་ལོ་རྒྱུས་ལ་ཕྱི་མིག་སྐབས་དོན་གཅོད་ཁང་གི་ལས་བྱེད་དང་ལྷག་པར་དྭང་བླངས་ཞབས་ཞུ་བ་རྣམས་ཀྱི་ནུས་ཤུགས་དང་ཕྱག་རོགས་ལ་བརྟེན་ལས་དོན་གང་ཡིན་ཚགས་ཚུད་པོ་ཡོད་པ་དང་། ལྷག་པར་གུས་རང་གི་དོན་གཅོད་ལས་འགན་ལོ་ངོ་དྲུག་རིང་གི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་འོང་དུ་གདན་ཞུས་ལས་འཆར་གཙོས་ཉི་འོང་ནང་བོད་དོན་གྱི་ལས་འགུལ་ཡོངས་སུ་རྫོགས་པ་གང་ལེགས་བྱུང་སོང་། དོན་གཅོད་ཁང་གི་ལས་བྱེད་ཡིན་སྐབས་༸གོང་ས་མཆོག་ཉི་འོང་དུ་ཐེངས་བཅོ་ལྔ་གདན་ཞུ་ཐུབ་པ་དང་། དངོས་སུ་དོན་གཅོད་ཀྱི་ལས་འགན་ཐོག་ཐེངས་བཞི་དང་རྒྱལ་ཁབ་གཞན་དུ་ཕེབས་སྐབས་ (Transit) ཐེངས་བཅུ་གཉིས་བཅས་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བཟང་པོ་བྱུང། དེ་དག་ཐམས་ཅད་ཚགས་ཚུད་བྱུང་བ་རྣམས་གཙོ་ཆེ་བོད་དོན་རྒྱབ་སྐྱོར་བ་དང་དྭང་བླངས་ཞབས་ཞུ་བས་དམིགས་བསལ་འཁུར་བཞེས་པ་ལ་བརྟེན་ནས་བྱུང་སོང་བས་ཚང་མ་ལ་བཀྲིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཆབ་སྲིད་ཀྱི་སྐོར། རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༦ ནས་ ༢༠༡༩ བར་གཞུང་འབྲེལ་གཟིགས་བསྐོར་ཐེངས་བཞི་ཙམ་གོ་སྒྲིག་ཞུས། དེ་ཡང་གཙོ་ཆེ་ཉི་འོང་གི་མི་མང་ལ་བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་གནས་སྟངས་དང་སྐབས་བབས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་ལ་ཐད་ཧ་ཅང་གི་གྲུབ་འབྲས་ལེགས་པོ་སྨིན་ཐུབ། ལར་ནས་ཉི་འོང་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཉིས་ནང་ནས་ཚོགས་མི་ ༩༢ གྱི་བོད་དོན་སྐོར་རྒྱབ་སྐྱོར་ཐོབ་པ་དང་། དམིགས་བསལ་ཉི་འོང་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་ཡོངས་ནས་བོད་དོན་ཐོག་སེམས་ཐག་ཉེ་བའི་གོ་ནས་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་འཇོག་ཐུབ་པ་བྱུང་ཡོད། གཙོ་ཆེ་རྒྱབ་སྐྱོར་གནང་བའི་རྒྱུ་ཚན་ནི་བོད་རྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་བཅས་འཛམ་གླིང་ཞི་བདེ་ལ་ཕན་ཐོག་ངེས་ཅན་ཡོད་པ་བརྗོད་བཞིན་འདུག།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་འོང་དུ་ཆིབས་བསྒྱུར་དང་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ཉི་འོང་ཁུལ་དུ་གདན་ཞུ་སྐབས་གུས་པས་ཉི་འོང་དོན་གཅོད་ལས་ཁུངས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཐོག་ལ་ཡང་ཞབས་འདེགས་ཞུས་པའི་བྱུང་འབྲས་སུ་དོན་གཅོད་དང་ལས་བྱེད་གཉིས་ཀྱི་ལས་ཤག་ཁང་པ་ཉོས་ཐུབ་ཏེ་ད་ལྟའི་འཆར་དོན་གཅོད་གཙོས་ལས་བྱེད་ཕེབས་སྐབས་ལས་ཤག་སྐོར་སེམས་ཁྲལ་གང་ཡང་བྱེད་མི་དགོས་པར་གཞུང་འབྲེལ་ལས་དོན་ཁོ་ནའི་ནུས་ཤུགས་དང་དོ་སྣང་སྤྲོད་ཐུབ་རྒྱུའི་མཐུན་རྐྱེན་བསྐྲུན་ཐུབ་པ་བྱུང་ཡོད།

དོན་གཅོད་ཀྱི་ལས་ཤག་དེ་བཞིན་ལས་ཁུངས་སུ་ཉེ་འཁྲིད་དུ་ཡོད་སྟབས་འགྲུལ་བཞུད་བྱེད་རྒྱུ་ཧ་ཅང་སྟབས་བདེ་པོ་ཡོད། དེ་ཡང་ངོས་རང་གི་ལས་རྒྱུན་རིང་བསམ་པ་བཞིན་དངོས་སུ་བྱུང་སོང་བར་འདི་གའི་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཤེས་ཡོན་ཐོག་གུས་པའི་དོན་གཅོད་ཀྱི་ལས་རྒྱུན་རིང་གྲུབ་འབྲས་མི་དམན་ཙམ་བྱུང་ཡོད། ད་ལྟའི་འཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཤེས་རིག་ལས་ཁུངས་བརྒྱུད་ཉི་འོང་གི་མཐོ་སློབ་གཉིས་ནས་ལོ་ལྟར་སློབ་ཕྲུག་གཉིས་སམ་གསུམ་སློབ་སྦྱོང་ཆེད་གཏོང་གནང་གིས་སློབ་སྦྱོང་རྗེས་རང་གཞུང་གི་ལས་བྱེད་གནང་སྟེ་ཉི་འོང་དང་རང་གཞུང་དབར་ནང་ཆོས་དང་བོད་དོན་བསྐོར་གྱི་གནས་ཚུལ་ཟམ་པ་ལྟ་བུའི་ཕྱག་ལས་གནང་རྒྱུར་ཕན་ཐོག་ཡོད་པས་གུས་ནས་ཉི་འོང་མཐོ་སློབ་གཉིས་ལ་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་ཡིན།

ང་ཚོ་བོད་རིགས་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་རྒྱ་བལ་འབྲུག་གསུམ་དང་གཞན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ལོ་ངོ་དྲུག་ཅུ་ལྷག་གི་རིང་སྐྱབས་བཅོལ་ཐོག་གནས་མུས་ཡིན། དུས་ཡུན་དེའི་རིང་ང་ཚོས་མང་གཙོའི་ལམ་ལུགས་ཡར་རྒྱས་ཇི་ཆེ་གཏོང་ཐུབ་པ་བཞིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡང་༸གོང་ས་མཆོག་གི་དགོངས་གཞི་ལྟར་མང་གཙོའི་ལམ་ནས་འདེམས་འཐོན་བྱུང་བའི་སྲིད་སྐྱོང་ཆགས་ཡོད། ཁོང་ནས་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཞིན་བོད་མིའི་ལངས་ཕྱོགས་དབུ་མའི་ལམ་གྱི་སྒོ་ནས་བོད་དོན་འཐབ་རྩོད་གནང་མུས་ཡིན།

བོད་ནང་གི་བོད་མི་ཚོ་ད་ལྟ་ཡང་རྒྱ་དམར་གྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་ངལ་མུ་མཐུད་ཕྲད་བཞིན་ཡོད། ཉེ་བའི་དུས་སུ་ཡང་བོད་གཞིས་ལུས་སྤུན་ཟླ་ཚོས་ལས་འགུལ་གནང་བ་དེ་དག་ལ་རྒྱ་གཞུང་གི་སྟངས་འཛིན་དམ་དྲག་ནན་པོ་བྱ་མུས་རེད་འདུག ལྷག་པར་རྒྱ་དམར་གཞུང་ལ་མི་དགའ་བའི་གནས་ཚུལ་བྱུང་ཚེ་དོན་མེད་ནག་ཉེ་བཙུག་པའི་གནས་ཚུལ་དང་དྲི་རྩད་ཀྱིས་དཀའ་ངལ་བཟོ་མུས་རེད། རྒྱ་ནག་གཞུང་གི་བོད་བཅིངས་གྲོལ་རྗེས་བོད་པ་ཚོ་སྐྱིད་པོ་དང་ཡར་རྒྱས་ཡོད་ཟེར།་དོན་དངོས་ལ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་གྲངས་ ༡༥༤ ཙམ་ནས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་ཚུན་ཆས་མེར་སྲེགས་གནང་ཡོད། མེར་སྲེགས་གནང་མཁན་ཁོངས་ནས་ཕྱེད་ཀ་རང་ལོ་ ༡༥ ནས་ ༢༠ བར་ཡིན་འདུག གལ་ཏེ་བོད་ལ་བདེ་སྐྱིད་དང་ཡར་རྒྱས་ཡོད་ན་དེ་ལྟ་བུའི་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གང་ཆགས་ཡོད་པ་རེད་དམ།

དེ་བཞིན་རྒྱ་ནག་དམར་པོའི་གཞུང་གིས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་ལོ་དྲུག་སྐབས་བཙན་བཟུང་བཀག་ཉར་གྱིས་ད་ལྟ་ཁོང་དགུང་གྲངས་ ༣༡ ལ་ཕེབས་ཡོད་ཀྱང་མཐོང་ཐོས་གང་ཡང་མེད་པའི་གནས་ཚུལ་སྐྱོ་པོ་དེ་འདྲ་ཞིག་བཟོས།

དེ་བཞིན་ཕྱི་ལོ་ ༢༠༢༠ འདི་ནང་རྒྱ་ནག་གྲོང་འཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་འཛམ་གླིང་ཁྱོན་ལ་མི་རྒྱུ་གང་གི་ཐད་ནས་དཀའ་ངལ་ཧ་ཅང་ཆེན་པོ་ཕྲད་དུ་བཅུག ད་དུང་དྲང་པོ་མིན་པ་མགོ་འཁོར་བླུ་ཁྲིད་ཀྱི་གནས་ཚུལ་གང་ཐུབ་སྤེལ་ཏེ་བོད་ཀྱི་གནས་ཚུལ་སུབ་ཐབས་བྱ་མུས་རེད།

ཡིན་ནའང་བོད་མི་ཚོས་ཇི་སྲིད་བར་བདེན་པའི་གནས་ཚུལ་དུས་ནམ་ཡང་མི་ཡལ་བ་བྱ་རྒྱུ་དང་ནམ་ཞིག་བོད་དོན་བདེན་མཐའ་སེལ་བའི་སྨོན་ལམ་དང་ཡིད་ཆེས་གཏན་པོ་ཡོད། ལྷག་པར་གཉན་ཕྲང་ཅན་གྱི་དུས་འདིར་ཁྱད་དུ་འཕགས་པའི་བོད་རྒྱུད་ནང་བསྟན་འཛིན་སྐྱོང་དང་རྒྱུན་གནས་ཐུབ་པའི་འབད་བརྩོན་ལྷོད་མེད་བྱུ་རྒྱུ་ཡིན། དེར་བརྟེན་ངོས་ནས་ཉི་འོང་གི་གཞུང་དང་མི་མང་བཅས་ལ་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།

རིང་མིན་ཉི་འོང་དོན་གཅོད་གསར་པ་ཕེབས་འཆར་ཡོད། འོན་ཀྱང་བློ་ཕམ་ངོས་ནས་ཞུ་རྒྱུར་ཉི་འོང་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པས་རྐྱེན་མང་ཚོགས་ལ་འཚམས་འདྲི་ཞུ་རྒྱུའི་མཛད་སྒོ་གོ་སྒྲིག་ཞུ་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་སོང་བས་འབྲེལ་ཡོད་ཚང་མར་དགོངས་སེལ་ཞུ་རྒྱུ་ཡིན།

ཉི་འོང་དོན་གཅོད་གསར་པ་སྐུ་ངོ་ཚེ་དབང་རྒྱལ་པོ་མཆོག་ནི་བོད་མི་སྒྲིག་འཛུགས་ཀྱི་ལས་བྱེད་བགྲེས་པ་ཞིག་དང་ཉམས་མྱོང་ཚད་མཐོ་པོ་ཡོད་པའི་མི་སྣ་ཞིག་རེད།ཁོང་ལ་དགའ་བསུའི་འཚམས་འདྲི་དང་། ཁོང་གི་ལས་དོན་མཐའ་དག་གེགས་མེད་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

མཐའ་དོན་གུས་པས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་བའི་སྒོ་ནས་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་དབུས་ནས་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་།དེ་བཞིན་ཉི་འོང་གི་གཞུང་དང་ཚོགས་པ་ཁག དེ་བཞིན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཉི་འོང་གི་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་གུས་རང་རྒྱ་གར་དུ་ཕྱིར་ལོག་བྱེད་སྐབས་ཉི་འོང་ནང་ལོ་མང་བསྡད་པའི་དྲན་གསོ་མཉམ་འཁྱེར་བྱ་རྒྱུ་ཡིན།

ཕྲན་ཉི་འོང་དོན་གཅོད་ཟུར་པ་ལུང་རྟོགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༥ པར།

ダライ・ラマ法王日本代表部事務所について

代表ご挨拶